༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།

ཨོཾ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་དྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་བཛྲ་ཧེ་རུ་ཀ། མ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཿཧཱུྂ་ཕཊ།

།མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མརྫོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།།

།དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག

༄༅། །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿ་ཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བས་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད།        བྱང་སྒྲ་མི་སྙན།  ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་འབུལ་བར་གྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།

།གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། ། ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད།

།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་གསུམ་བརྗོད།

།སྲས་བཅས་སངས་རྒྱས་ཐམས་ཅད་དང། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གི་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུས་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི།  །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་བགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། ཞེས་ལན་གསུམ་བརྗོད།

།སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བཟུང་། ཞེས་ལན་གསུམ་བརྗོད།

མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་ཡེ་ཤེས་དབབ་པར་ཞུ་བའི་ཡོན་དུ་དབུལ་བར་གྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབས་ཏུ་གསོལ།

མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་གྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབས་ཏུ་གསོལ།

རྣལ་འབྱོར་མ་དཔལ་དབང་བསྐུར་བས། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལ་དེང་སྩོལ་ཅིག

གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི།

ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿ་ཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བས་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཐ་མི་ཐད་པ་ལ་བྱིན་རླབས་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་འབུལ་བར་བགྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།

དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ།

བསྔོ་བ་བཞུགས་སོ།

༑བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག

།ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིིན་པས། །བདེན་པ་དེ་དག་གིས་ནི་བདག་ཅག་རྣམས། །རྟག་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

།འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་སུ། །རོལ་མོ་གླུ་དབྱངས་སྒྲ་སྙན་སོགས་མཆོད་ཅིང་། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག

།འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།

།དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།

།བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོ་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག

།གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིག །སྤྲུལ་པའི་གདུངས་བརྒྱུད་རྒྱུན་ཆད་མེད་བྱོན་ནས། །ཀུན་ཀྱང་ཕྲིན་ལས་ནམ་མཁའ་མཉམ་པར་ཤོག །།

༄༅། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།

༈ གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག

༈ འཆི་མེད་མི་ཤིགས་སྲུང་བའི་གུར་ཁང་ནང་། །འཆི་མེད་ཚེ་སྦྱིན་ལྷ་མོ་སྤྱན་བདུན་མ། །འཆི་མེད་ཚེ་ལ་དབང་བའི་ཚོགས་རྣམས་ཀྱིས།  །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རིགས་གསུམ་པདྨའི་ཐུགས་བསྐྱེད་ལྷ་ལམ་ནས། །མཁྱེན་བརྩེ་ནུས་མཐུའི་རང་གཟུགས་ཉིན་མོར་བྱེད།  །ས་བསྟན་ལུང་རྟོགས་པད་ཚལ་རྒྱས་མཛད་ནས། །གདུལ་བྱ་གླིང་བཞིའི་མགོན་དུ་རྟག་བརྟན་གསོལ། །ངག་དབང་སྒྱུ་འཕྲུལ་ལྷ་རིགས་འཁོན་གྱི་འདུང་། །འགྲོ་ཀུན་དགའ་མཛད་ཐེག་ཆེན་མདོ་སྔགས་ལམ།   །ཕན་བདེའི་དཔལ་དུ་འབར་བའི་འཕྲིན་ལས་ཅན། །བསམ་འཕེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ།  །རྣམ་དག་ཁྲིམས་ལྡན་གསེར་གྱི་ས་གཞི་ལ།   །ཐོས་བསམ་སྒོམ་པའི་རིན་ཆེན་རྡུལ་མང་བརྩེགས།   །འཆད་རྩོད་རྩོམ་དང་རྗེས་བསྟན་བང་རིམ་རྒྱས། །སྐྱབས་མཆོག་རི་དབང་ལྷུན་པོར་བརྟན་བཞུགས་གསོལ། །རྒྱལ་བ་གཉིས་པ་རྗེ་བཙུན་གོང་མ་ལྔས།   །རྒྱལ་བསྟན་གཅིག་བསྡུས་སྙན་བརྒྱུད་ཚད་མ་བཞི། ། རྒྱལ་བའི་ལམ་བཟང་ཟབ་མོ་སློབ་བཤད་རྣམས། །རྒྱལ་བ་ཇི་བཞིན་སྟོན་མཛད་ཞབས་བརྟན་གསོལ། །ཕུན་ཚོགས་རྒྱལ་སྲིད་བདུན་གྱི་བཀྲ་ཤིས་དཔལ། །དཔལ་ལྡན་ས་སྐྱའི་ཆོས་སྲིད་དཔལ་འབར་གནས། །གནས་མཆོག་འཛམ་གླིང་མཛེས་པའི་རྒྱན་དུ་བྱོན། །བྱོན་བཞིན་གསང་གསུམ་རྡོ་རྗེ་ལྟར་བརྟན་གསོལ། །བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེ་དང་། །ཡི་དམ་བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་དང་། །ཆོས་ཉིད་ཟབ་མོ་འགྱུར་མེད་བདེན་པའི་མཐུས། །ཇི་ལྟར་གསོལ་བའི་འདོད་དོན་གྲུབ་གྱུར་ཅིག །།

༈ འཆི་མེད་ཚེ་ལྷ་རྒྱ་མཚོའི་བྱིན་རླབས་ཀྱི། །འོད་གསལ་ལྷ་རིགས་བདེ་ཆེན་དཔལ་སྟེར་བ། །རིག་འཛིན་སྔགས་ཀྱི་འཕྲིན་ལས་རབ་འབྱམས་ལ། །དབང་འབྱོར་ཌཱ་ཀིའི་གཙོ་མོ་འཚོ་བཞེས་གསོལ། །འཆི་མེད་གྲུབ་པ་ཡོངས་ཀྱི་འཁོར་ལོས་བསྒྱུར། །བསྟན་པའི་ཉི་མ་རྗེ་བཙུན་ས་སྐྱ་པའི། །རིགས་དང་ཆོས་ལས་འཁྲུངས་པའི་བསྟན་འགྲོའི་མགོན། །དོན་གཉིད་མཛད་ཕྲིན་རྟག་ཏུ་རྒྱས་པར་ཤོག །འཆི་མེད་ཐར་པའི་ལམ་ལ་རབ་བཞུགས་ནས། །རང་རྒྱུད་སྨིན་ཅིང་འགྲོལ་བའི་སྐལ་བཟང་ཐོབ། །ཆོས་ཉིད་བདེན་པའི་རང་ཞལ་མངོན་སུམ་རྟོགས། །ཕན་བདེའི་བཀྲ་ཤིས་མི་ནུབ་རྟག་བརྟན་ཤོག །།

༈ དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །དཀར་ཕྱོགས་དགའ་བའི་མཐུ་དང་ནུས་པ་ཡིས། །རྒྱལ་བའི་བསྟན་འཛིན་འཇམ་དབྱངས་ཡབ་སྲས་སོགས། །སྐུ་ཚེ་རིང་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །བླ་མ་ཀུན་ཁམས་བཟང་ལ་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་ལ་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་ལ་གསོལ་བ་འདེབས། །བླ་མ་འབྲལ་བ་མེད་པར་བྱིན་གྱིས་རློབས། །སྐུ་བསོད་རི་བོ་བཞིན་དུ་བརྟན་པ་དང་། །བསྟན་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག